བསྒྱུར་རྩོམ།

རི་མཐོན་པོ་དྲན་གླུ།

འཇམ་དབྱངས་ནོར་བུས་བརྩམས།  ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།


ངས་ཨ་རིའི་མངའ་སྡེ་ཁཱ་ལོ་ར་སྒྲའི་རྒྱལ་ས་སྒྲེན་བེར་གནམ་ཐང་དུ་རླངས་འཁོར་ལ་སྒུག་སྡོད་སྐབས། སྤྱིར་བཏང་གི་བོད་པ་གྲོགས་པོ་ཞིག་གིས་ཁ་པར་འབྱོར་སོང་ལ། ཁོས་བཤད་རྒྱུརདེ་ལྟར་མ་བསམ་པ་ཞིག་ལ། གཅིག་བྱས་ན་ང་རང་ནོར་སྲིད། ཨ་རིས་བོད་ནང་དུ་བོད་མིའི་འཇབ་དམག་ལ་སྦྱོང་བརྡར་ལས་རིམ་ཞིག་བསྐྱར་འཛུགས་བྱས་པ་ཡིན་ནམ་ཟེར། ངས་དེ་འདྲ་རྩ་བ་ཉིད་ནས་ཡོང་མི་སྲིད་པ་ཞིག་རེད། ང་རང་རོ་ཁིའེ་ནང་ཡོད་པའི་ཧཱལ་དམག་སྒར་ལ་འགྲོ་བཞིན་ཡོད་ལ་དེར་མཛད་སྒོ་་ཞིག་འདུག ཨ་རིའི་གསང་པའི་ལས་ཁུངས་ཀྱིས་གསང་པའི་ངང་སྦྱོར་བརྡར་སྤྲད་པའི་བོད་མི་རང་དབང་འཐབ་རྩོད་པ་སུམ་བརྒྱར་རྗེས་དྲན་ཆེད་ཟངས་ལྕགས་ལས་བཟོས་པའི་དྲན་གསོའི་བྱང་བུ་ཞིག་གཏན་འཇོག་གནང་གི་འདུག རྒྱ་མིས་བོད་བཙན་འཛུལ་བྱེད་སྐབས་ཁོ་ཚོའི་ནང་མི་མང་པོ་དམག་འཐབ་ཁྲོད་ཚེ་སྲོག་ཤོར་ཡོད་པ་རེད། ཅེས་ཁོ་ལ་འགྲེལ་བརྗོད་བྱས།

གནམ་ཐང་ནས་ཧཱལ་དམག་སྒར་དབར་ཕལ་ཆེར་དུས་ཚོད་གསུམ་ཙམ་འགོར་བ་དང༌། ཡིན་ནའང༌། ཉི་འོད་ལྷམ་མེར་འཚེར་བས་རྒྱང་རིང་གི་རི་བོ་གསལ་པོར་མཐོང་བ་དང་འགྲུལ་བཞུད་འདི་སྤྲོ་སྐྱིད་ལྡན་པ་ཞིག་བྱུང༌། ང་རང་བསྟན་འཛིན་པ་སངས་ཀྱི་རླངས་འཁོར་ནང་འགྲོ་རྒྱུ་བྱས་ཡོད་པ་ལྟར། ངེད་གཉིས་དང་མཉམ་དུ་གྲོགས་པོ་ཁ་ཤས་ཀྱང་འདུག རླངས་འཁོར་ཤིང་སྦྱར་མ་དང་ཐང་ཤིང་གིས་ཁེབས་པའི་རི་བོར་འཛེགས་ཏེ་ཕྱིན་པ་ན། འཛེར་ཤིང་གི་ན་ཚས་གནོད་སྐྱོན་ཐེབས་པའི་ཐང་ཤིང་དེ་དག་གིས་ས་ཆ་དེར་སྐྱོ་ཉམས་མངོན་པར་བྱས་འདུག ཡིན་ནའང༌། སྦྱར་ཤིང་རྣམས་ཀྱི་ལོ་མའི་ཁ་དོག་འགྱུར་བའི་འགོ་བཙུགས་འདུག་ལ། ཟླ་གཅིག་ནས་ལོ་མ་རྣམས་མཛེས་སྡུག་ལྡན་པའི་མདོག་དམར་པོ་དང་སེར་པོར་འགྱུར་ངེས་རེད།

ང་ཚོ་གཞུང་ལམ་ ༧༠ ཐོག་དུས་ཚོད་ཁ་ཤས་ཕྱིན་པ་དང༌། ཨ་རིའི་མགྱོགས་ལམ་ ༢༤ ཐོག་ཐོན་པ་ཡིན། དེ་ནི་རི་བོས་བཅད་པའི་དྲན་གསོའི་མགྱོགས་ལམ་བཅུ་པར་མིང་བསྒྱུར་བྱས་འདུག ཧཱལ་དམག་སྒར་ནི་ཕྱི་ལོ་ ༡༩༤༢ ལོར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་གསར་བསྐྲུན་བྱས་པ་དང༌། དེ་ནི་གཞི་རྩའི་དམག་ཁག་བཅུ་པའི་སྡོད་ཁང་ཡིན་མོད། དམག་མི་ཚན་ཁག་གཞན་ཚོར་དགུན་དུས་རི་འགོ་དམག་འཁྲུག་གི་སྦྱོང་བརྡར་དང༌། གངས་ཤུལ་སོགས་ཀྱི་སྦྱོང་བརྡར་མཐུན་རྐྱེན་སྤྲད་འདུག་ལ། དམག་ཆེན་མཇུག་སྒྲིལ་རྗེས་དམག་སྒར་ཆ་ཚང་སྒོ་བརྒྱབ་པ་དང་ཁང་པ་མང་པོ་དང་གན་མཛོད་རྣམས་གནས་སྤོ་་བྱས།

ཕྱི་ལོ་ ༡༩༥༨ ལོར་ཨ་རིའི་ནང་བོད་མི་འཐབ་རྩོད་པ་ཚོར་སྦྱོང་བརྡར་སྤྲོད་རྒྱུར་གསང་པའི་ལས་འཆར་འགོ་བཙུགས་དུས། དམག་སྒར་ཧཱལ་བདམས་པ་དང༌། དེ་བདམས་དགོས་པའི་རྒྱུ་མཚན་ནི། གནས་འདི་ས་སྟོང་དབེན་པ་ཞིག་དང་བོད་ཀྱི་ས་བབས་དང་ཧ་ཅང་མཚུངས་པ་ཤེས་རྟོགས་བྱུང་བས། ས་ཁོད་ཡངས་པའི་དམག་སྒར་དེའི་ཆ་ཤས་ཀྱི་ལྷག་ལུས་དེ་རྟེན་གཞི་བྱས་ཏེ་ཁང་པ་ཆུང་ཆུང་ཞིག་བཟོས་པ་དང༌། སྡོང་དུམ་བསྒྲིགས་ཏེ་སྦྱོར་བརྡར་བྱེད་སའི་ཁང་པ་ལྟེ་བ་དེ་གསར་རྒྱག་དང་དམག་མིའི་སློབ་སྦྱོང་བྱེད་པའི་འཕྲུལ་ཆས་བཀོད་སྒྲིག་གནང་བ་སོགས་བྱས་འདུག དེའི་མཐའ་སྐོར་དུ་ལྕགས་ར་བསྐོར་ཏེ་དམག་མི་ཉེན་རྟོག་པས་རྒྱུན་དུ་ལྟ་སྲུང་བྱེད་པ་དང་ས་ཁུལ་འདིར་གསང་འཛུལ་བྱེད་མཁན་གཏན་འགོག་བྱས།

མཐའ་མར་ང་ཚོ་རི་བོ་ཕར་བརྒལ་བ་དང་མཐོངས་ཡངས་ལ་ཧཕེ་ཁྲུ་ཆིག་ཁྲི་ཆིག་སྟོང་ཙམ་ཡོད་པའི་ལུང་གཞུང་རྒྱ་ཆེན་པོ་ཞིག་ཏུ་འབྱོར། དེའི་མཐའ་སྐོར་རི་ཚོགས་དམའ་བོས་བསྐོར་ཞིང་དགའ་ལྡན་མཁན་པས་ཁྱབ་འདུག རྩི་ཤིང་གི་རིགས་སུ་གཏོགས་པའི་དགའ་ལྡན་མཁན་པས་བོད་མིས་ལྷ་དང་གཞི་བདག་ལ་བསང་གསོལ་བཏང་བ་ལྟར། ཨ་རིའི་ཡུལ་མི་དང་པོ་ཚོས་ཀྱང་དེ་ལྟར་བྱས་པ་འདྲ། ལུང་གཞུང་ནང་ལམ་ཐག་གསུམ་ཆའི་གཅིག་ཙམ་ཕྱིན་པ་ན། ལམ་ཟུར་ཞིག་ཏུ་མི་མང་པོ་འདུ་འཛོམས་གནང་འདུག གཏམ་བཤད་གནང་མཁན་གཙོ་བོ་ཁོ་ལོ་རཱ་སྒྲའི་གྲོས་ཚོགས་འཐུས་མི་མཱར་ཁུ་ཨུ་སྒྲལ་ལགས་ད་དུང་ཕེབས་མེད་པ་དང༌། ཡིན་ནའང༌། སྐུ་མགྲོན་བརྒྱ་ཙམ་ཕེབས་ཏེ་ཞབས་སྟེགས་སྟེང་བཞུགས་འདུག     དེར་གློག་བརྙན་བཟོ་བསྐྲུན་མཁན་དང་ཁོ་ལོ་རཱ་སྒྲའི་ས་གནས་གསར་འགོད་པ་སོགས་ཀྱིས་བརྙན་འཕྲིན་འཕྲུལ་ཆས་གྲ་སྒྲིག་བྱེད་པ་དང༌། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་མི་སྣ་མང་པོར་བཅར་འདྲི་གནང་བཞིན་འདུག

ང་ཚོས་བྲེལ་འཚབ་ངང་མཆོད་སྟེགས་ཀྱི་ཚུལ་དུ་གླིང་ག་གཏོང་བྱེད་ཀྱི་མདུན་ཅོག་གཅིག་གི་ཐོག་སྟོན་པའི་སྐུ་འདྲ་ཞིག་དང་ྋརྒྱལ་བ་རིན་པོ་ཆེའི་སྐུ་འདྲ་གཉིས་བཤམས་པ་ཡིན། དེ་བཞིན་བོད་ཀྱི་རྒྱལ་དར་དང་ཨ་རིའི་རྒྱལ་དར། ཆུ་བཞི་སྒང་དྲུག་གི་དམག་དར་སོགས་དྲན་གསོའི་བྱང་བུའི་ཟུར་ལ་སོ་སོར་བཙུགས་པ་དང༌། ད་དུང་ང་ཚོས་ཟངས་ལྕགས་ཀྱི་བྱང་བུའི་ཆེ་ཆུང་༢༠x༡༥ཙམ་ཡོད་པའི་རྒྱབ་ལོགས་སུ་བོད་ཀྱི་དར་ལྕོག་འཐེན་པ་ཡིན།

མཛད་སྒོ་འདི་གྲོས་ཚོགས་འཐུས་མི་མཱར་ཁུ་ཡིས་གཏམ་བཤད་དང་མཉམ་དུ་དབུ་འབྱེད་ཞུས། ཁོང་གིས་མཛད་སྒོ་འདིའི་ཆེད་ཕྱག་ལས་གནང་བའི་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང༌། ལྷག་པར་དུ་ཨ་རིའི་གསང་པའི་ལས་ཁུངས་ནང་ལས་ཀ་བྱས་མྱོང་ཞིང༌། ད་ལྟ་རྒན་ཡོལ་དུ་ཕེབས་པའི་ཁེན་ ཁི་ནུ་སུ་ལགས་ཀྱིས་དྲན་གསོའི་བྱང་བུ་འདི་གཞུང་འབྲེལ་ཆོག་མཆན་ཐོབ་པར་སྣེ་འཁྲིད་དེ་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས།

ཁེན་ཁི་ནུ་སུ་ཁོང་གི་ལྕམ་དང་ལྷན་དུ་ཕེབས་འདུག་ལ། ཁོང་གིས་བོད་མི་གསང་པའི་སྦྱོང་བརྡར་བྱེད་མཁན་དེ་དག་གི་སྙིང་སྟོབས་དང་རང་སྲོག་བློས་བཏང་གི་མཛད་རྗེས་སྐོར་གཏམ་བཤད་གནང་དོན། རང་དབང་འཐབ་རྩོད་པ་བློ་ཁོག་ཆེན་པོ་ཚོ་དང་མཉམ་དུ་ངས་ལས་ཀ་བྱས་པ་དང༌། ཁོང་ཚོའི་ཆེད་རྗེས་དྲན་གྱི་རིགས་འདི་ལྟ་བུ་གསར་བསྐྲུན་གནང་ཐུབ་སོང་བསམ་པ་ཞིག་ངས་རྒྱུན་དུ་ཚོར་ཡོང༌། དེ་ལྟར་མི་ཚོགས་ལ་གསུངས། བཀྲ་ཤིས་ཆོས་གྲགས་ལགས་དམག་སྒར་ཧཱལ་དུ་ཁེན་ལགས་ཀྱི་སྐད་བསྒྱུར་ཡིན་པ་དང༌། ཁོང་གིས་ལས་འཆར་འདིའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་བྱས་པ་དང༌། དམག་སྒར་ཧཱལ་འདི་ལ་བོད་མིང་ཞིག་བཏགས་ཡོད་པ་ནི་ལྡུམ་ར་ཞེས་འབོད་པ་རེད་ཟེར། ལོ་ཁ་ཤས་ཀྱི་སྔོན་ལ་གསང་པའི་སྦྱོང་བརྡར་ཐོབ་མཁན་ཞིག་གིས་ང་ལ་གསུངས་པར། ཁོང་ཚོས་ས་ཆ་འདི་ལ་ལྡུམ་ར་ཞེས་བོས་པ་ཡིན། གནས་འདིའི་རི་བོ་མཐོ་ལ་གནམ་གཤིས་གྲང་བ། རླུང་གཡུག་དུས་ཕ་ཡུལ་ནང་བཞིན་ཚོར་ཡོང་བས། ས་ཆ་འདི་བོད་ལྟ་བུ་རེད་འདུག

  དེ་སྔོན་སྦྱོང་བརྡར་ཐོབ་མཁན་གྱི་གྲས་འཆི་མེད་ཚེ་རིང་དང་བཀྲ་ཤིས་དཔལ་འབྱོར། བསོད་ནམས་དབང་ཕྱུག པདྨ་དབང་འདུས། སློབ་སྟོན་པ་རཱལ་སུ་ཊར་དང་ངྷོན་ཟེ་སཱརཁ་སོགས་ཀྱིས་རང་གི་ཉམས་མྱོང་ཐོག་གཏམ་བཤད་གནང༌། ཁོང་ཚོའི་སྐད་ཆ་ལས་གསལ་པོར་མཐོང་ཐུབ་པ་ཞིག་ནི། བོད་མི་སྦྱོང་བརྡར་བ་དང་སློབ་སྟོན་པ་ཚོའི་དབར་འབྲེལ་འདྲིས་ལེགས་པོ་བྱུང་འདུག་པ་དང་ཨ་རིའི་གསང་པའི་ལས་ཁུངས་ཀྱི་མི་རྣམས་ཁོང་ཚོའི་སློབ་མ་ཚོར་བརྩེ་སེམས་ཀྱིས་ཁེངས་འདུག་པ་དང་ཁོ་ཚོར་བསྟོད་བསྔགས་གནང༌། དེ་སྔོན་ཁོང་ཚོར་བཅར་འདྲི་བྱས་པའི་སྐོར་དཔེ་དེབ་འདྲ་མིན་དང་དཔར་སྐྲུན་བྱས་པའི་རྩོམ་ཡིག་སོགས་ཀྱི་བརྗོད་བྱ་སྙིང་བསྡུས་ཤིག་ངས་འདིར་འགོད་རྒྱུ་ཡིན།

ཨ་རིའི་གསང་པའི་ལས་ཁུངས་ཀྱི་སློབ་སྟོན་པ་ཞིག་གིས་རྩ་བའི་ང་ཚོའི་ཕོ་གསར་འདི་ཚོར་བརྩེ་སེམས་བྱུང་ཡོད། ངས་ལས་ཀ་བྱས་མྱོང་བའི་མི་རིགས་གཞན་དག་ལས་བོད་མི་འདི་ཚོ་ཁྱད་དུ་འཕགས་པ་ཞིག་ཡིན། ཁོ་ཚོ་བློ་སྟོབས་ལྡན་ལ། རང་སྲོག་ལ་མི་འཛེམས་པ་དང་སྒྲིག་ལམ་རང་འཁུར། རང་ཉིད་ལ་གདེང་ཚོད་ཡོད་པ་ཤ་སྟག་རེད། ཡིན་ནའང༌། ཁོ་ཚོར་ཁྱད་ཆོས་མ་འདྲ་བ་ཞིག་འདུག དེ་ནི་འགྲེལ་བརྗོད་བྱེད་དཀའ་བ་ཞིག་རེད། སློབ་སྟོན་པ་ཊོམ་ ཧྥན་སུ་མིར་ཁོང་ཚོའི་གུས་བརྩི་དང་ལྷག་བསམ་རྣམ་དག་ལ་བག་ཆགས་གཏིང་ཟབ་ཐེབས་འདུག ཁོང་ཚོས་ཁྱེད་རང་ཁོང་ཚོའི་ཁ་ཕྱོགས་སུ་འཁྲིད་འགྲོ་ཞེས་གསུངས།

རོ་ཇེར་ མེ་ཁར་ཐིལ་གྱིས་དྲན་གསོ་གནང་དོན། ལོའི་མི་རིགས་ཚོས་མཚན་མོ་དམག་སྦྱོང་བྱེད་དུས་ཞེད་སྣང་ཆེན་པོས་ཕན་ཚུན་ལག་པ་འཐམ་རེ་བྱས་ནས་འདུག་ཟེར། བོད་མི་ཚོ་ཁྱོན་ཡོངས་ནས་མ་འདྲ་བའི་བསྡོམས་ཚིག་ཅིག་བཀོད་ཡོད་པ་ནི། ཁོང་ཚོ་བློ་སྤོབས་ཆེན་པོ་དང་གཞུང་དྲང་བ། སྟོབས་ཆེན་པོ་ཞིག་རེད་ཅེས་དང༌། རྩ་བའི་ང་ཚོས་ཕྱོགས་ཡོངས་ནས་གུས་བརྩི་བྱས་པ་ཡིན།

སློབ་སྟོན་པ་ཧྥ་རན་ཁུ་ ཧོ་ལོ་བྷར་གྱིས་རྩོམ་བྲིས་ཤིག་གི་ནང༌། ང་ཚོས་སྦྱོང་བརྡར་སྤྲད་པའི་མི་དེ་དག་ནི་དེ་སྔོན་སྦྱོང་བརྡར་ཐོབ་པའི་མི་དེ་ཚོ་ལས་སྦྱོང་བརྡར་ཐོབ་འོས་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་ལ། ཁོང་ཚོ་རང་ཉིད་ཀྱི་རྒྱལ་ཁབ་དང་ཡུལ་གོམས་གཤིས་ལུགས་སྲུང་སྐྱོབ་ཆེད་འཐབ་འཛིང་བྱེད་ཕོད་མཁན་དང༌། ཁ་ཡོད་ལག་ཡོད་ཀྱིས་འབད་ཐབས་གནང་མཁན། བོད་མི་ཚོར་འདི་འདྲའི་སྙིང་སྟོབས་ཤིག་འདུག ང་ཚོར་མཚོན་ཆ་སྤྲོད་དང་ལས་ཀ་ང་ཚོས་བྱེད།  དེ་ལྟར་ཁོང་ཚོས་ཨ་རིའི་གསང་པའི་ལས་ཁུངས་ལ་ཁོང་ཚོའི་ཆེད་ལས་ཀ་བྱེད་རོགས་ཞེས་བཀའ་འདྲི་གནང་གི་མེད། སྤྱིར་ན་ང་ཚོས་ལས་ཀ་བྱས་མྱོང་བའི་སྐོར་ཁག་མང་པོ་ཞིག་གིས་དེ་ལྟར་རོགས་ཕན་གནང་རོགས་ཟེར།

བོད་མི་ཚོ་གནམ་མཆོངས་རྒྱག་སྐབས་ཁོ་ཚོས་སྐད་འབོད་བྱེད་བཞིན་ཁ་ལོ་བསྒྱུར་པ་དང༌། ནམ་མཁའ་ནས་མར་འབབ་ཞོར་ཕན་ཚུན་རྗེས་འདེད་གཏོང་བ་དང་གད་མོ་བཞད་པ། ཕན་ཚུན་འཛིན་རེས་བྱེད་པ་སོགས་འཇིགས་སུ་རུང་བའི་དུས་སྐབས་ཤིག་རེད། དེ་ལྟར་ཧྥ་རན་ཁུ་ཡིས་འགྲེལ་བརྗོད་གནང་བ་དང༌། ད་དུང་ཁོང་གིས་སློབ་སྟོན་པ་ཚོས་འདི་འདྲའི་སྙིང་སྟོབས་ཆེན་པོ་ཞིག་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་གཞན་ལ་རྩ་བ་ནས་མཐོང་མྱོང་མེད་ཅེས་གསུངས།

སློབ་སྟོན་པ་ཚོས་བོད་མི་ཚོ་ལྷན་སྐྱེས་ཀྱི་དྲན་རིག་རྒོད་པོ་དང་རང་བཞིན་གྱིས་ཤེས་རྟོགས་བྱེད་རྒྱུར་དགའ་བོ་བྱེད་པར་ངོས་འཛིན་ཐོབ་ཡོད་ལ། གཅིག་བྱས་ན། ཁོང་ཚོས་ནང་ཆོས་ཉམས་སུ་ལེན་པ་དང་སྒོམ་རྒྱག་པ་དེས་ཡིད་འཛིན་དང་སེམས་གནད་དུ་འཁེལ་ཐུབ་པར་ཕན་པ་འདྲ། དེ་ལྟར་སློབ་སྟོན་པ་ཞིག་གིས་གསུངས། ད་དུང་ཁོང་གིས་ཁོང་ཚོས་གསང་པའི་ཨང་གྲངས་དེ་ལམ་སང་བློ་ལ་འཇགས་པ་མ་ཟད། མི་མང་པོར་སྦྱོང་བརྡར་སྤྲད་པའི་སྦྱངས་འབྲས་ལས་ཁོ་ཚོ་བློ་རྣོན་པོ་རེད་འདུག་ཅེས་གསུངས།

སློབ་སྟོན་པ་ཇོན་ གཱ་རེའི་ནེས་སྦྱོང་བརྡར་བ་ཚོས་འབད་བརྩོན་ཧུར་ཐག་གནང་བའི་སྐོར་ལ་བཀའ་མོལ་གནང་དོན། ངས་ཁོང་ཚོ་ལྟ་བུ་གཏན་ནས་མཐོང་མྱོང་མེད། དགོང་ཟས་རྗེས་ཁོང་ཚོ་ཕྱིར་གསང་པའི་ལས་གནས་སུ་སྦྱོང་བརྡར་བྱེད་དུ་འགྲོ། ང་ཚོས་ཕན་ཚུན་ལ་སྐད་ཆ་བརྗོད་དུས། ང་ཚོས་དཀྱིལ་ཤར་ཨ་མེ་རི་ཀའི་དཀའ་རྙོག་ཚབ་ཏུ་བོད་མི་ཚོ་དང་མཉམ་དུ་ལས་ཀ་བྱེད་དགོས་པ་འདི་དགའ་སྣང་འཕེལ་འོས་པ་ཞིག་རེད། དེ་ལྟར་སྟབས་ལེགས་པ་ཞིག་ལ་ང་ཚོ་ལས་རིམ་ཡག་པོ་ཞིག་གི་ནང་ཚུད་ཡོད་པ་ཤེས་རྟོགས་བྱུང༌།

ཕྱི་ལོ་ ༡༩༥༧ ལོར་སཱའེ་པན་ནང་སྦྱོང་བརྡར་བ་དྲུག་ལས་གྲུབ་པའི་སྐོར་ཁག་དང་པོར་མཇལ་འཕྲད་བྱུང་དུས། རོ་ཇེར་མེ་ཁར་ཐེལ་འདི་འདྲའི་གྲོང་གསེབ་ནས་ཡོང་བའི་བོད་མི་ཚོར་སློབ་སྦྱོང་སྤྲོད་དུས་ཁོང་ཧང་སངས་པ་དང༌། ཁོང་ཚོ་ནི་སྒྲིག་འཛུགས་འཁུར་ཐུབ་མཁན་དང་དོ་སྣང་སྤྲོད་མཁན་དག་རེད། ངོ་མཚར་བ་ཞིག་ལ། ཁོང་ཚོས་ཡི་གེ་ཀློག་རྒྱུ་དང་ས་ཁྲ་བེད་སྤྱོད་གཏོང་སྟངས་སོགས་ལམ་སང་ཤེས་བྱུང་ལ། དེ་བཞིན་ཏར་འཕྲིན་གཏོང་བྱེད་ཡོ་ཆས་ཀྱི་ཨང་གྲངས་སྒྲིག་སྟངས་དང་བརྡ་ལེན་སྐྱེལ་སྟངས་ཀྱི་ལག་ཆ་སོགས་མ་ནོར་མ་འཕྱུགས་པར་འོས་འཚམས་ཀྱིས་བེད་སྤྱོད་གཏོང་དགོས་པ་དག ཝ་ཞིན་ཊོན་ནས་བཀོད་འདོམས་བྱས་པ་ལྟར་འཆར་གཞི་དེ་བསྒྲུབ་དགོས།

གྲོས་ཚོགས་འཐུས་མི་ཨུ་སྒྲལ་མཆོག་གཏམ་བཤད་དེ་དག་གིས་སེམས་འགུལ་ཐེབས་པ་དང༌། ཡང་བསྐྱར་ཁོང་ཡར་བཞེངས་ནས་དེ་གར་ཚོགས་ཞུགས་པའི་ནང་སློབ་སྟོན་པ་དང༌། བོད་མི་སྦྱོང་བརྡར་ཐོབ་མཁན་ཚོར་རང་ཉིད་ཀྱི་ཉམས་མྱོང་རྣམས་གསུང་རོགས་ཞེས་འབོད་སྐུལ་གནང༌།

དེ་བཞིན་སྐུ་མགྲོན་ཁ་ཤས་སྡིངས་ཆའི་ཐོག་ཡར་ཕེབས་ཏེ་གཏམ་བཤད་གནང༌། མི་མང་པོ་ཞིག་གིས་ཁོང་ཚོའི་ཕ་མ་དང་ཉེ་འབྲེལ། གྲོགས་པོ་རྣམས་ཧཱལ་དམག་སྒར་དུ་བསྡད་མྱོང་བའི་སྐོར་སེམས་ཚོར་ཆེན་པོའི་ངང་གསུང་བཤད་གནང༌། ཐེངས་དང་པོ་ཨ་རིའི་གསང་པའི་ལས་ཁུངས་ཀྱིས་སྦྱོང་བརྡར་སྤྲོད་པའི་ཨ་ཐར་ནོར་བུའི་བུ་མོ་སྒྲོལ་མས་མོའི་ཨ་ཕའི་སྐོར་དྲན་གསོ་གནང་དོན། མོ་དང་མོའི་སྤུན་གཉིས་ཀྱིས་རྡ་ཇི་གླིང་དུ་ཡེ་ཤུའི་སློབ་གྲྭར་སློབ་སྦྱོང་བྱེད་སྐབས། མོའི་ཨ་ཕས་ཨ་རིའི་གདངས་ཀྱི་དབྱིན་སྐད་བཤད་པས་ངེད་གཅེན་གཅུང་གཉིས་དུས་རྒྱུན་མཚར་སྣང་འབྱུང་གི་ཡོད། དེ་ལས་ངོ་མཚར་བ་ཞིག་ལ་ཨ་ཕས་གྲོང་ཁྱེར་དང་གྲོང་བརྡལ་ནང་ས་ཁྲ་བེད་སྤྱོད་བཏང་སྟེ་རྟག་ཏུ་ལམ་ཁ་རྙེད་འགྲོ་ལ། ད་དུང་གྲོགས་མོ་བསོད་ནམས་དབྱངས་འཛོམས་ལགས་ངོ་སྤྲོད་གནང་བ་དང༌། མོ་ནི་དཔའ་རྟུལ་ར་སྟོད་ངག་དབང་གི་བུ་མོ་རེད། ཁོང་དམག་སྒར་ཧཱལ་ནང་སློབ་སྦྱོང་མ་ཐོབ་ཀྱང༌། བོད་ནང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་མཉམ་དུ་འཐབ་འཛིང་བྱེད་མཁན་ཞིག་རེད།

ཁེ་བན མེ་ཁར་ཐལ་ནི་སློབ་སྟོན་པ་རོ་ཇེར་ མེ་ཁར་ཐལ་གྱི་བུ་རེད། ཁོང་གཅེན་མོ་གཉིས་དང་མཉམ་དུ་ཕེབས་འདུག ཁོང་གིས་གཏམ་བཤད་གནང་དོན། ཁོའི་ཨ་ཕ་ལ་ལས་རིམ་འདིའི་དོན་སྙིང་ཇི་འདྲ་ཞིག་སྤྲད་ཡོད་པ་དང༌། ད་དུང་བོད་མི་སྦྱོང་བརྡར་བ་དང་མཉམ་དུ་ཨ་ཕས་ཕྱག་ལས་གནང་སྐབས་ཀྱི་གནས་ཚུལ་ཐོས་པ་རྣམས་བཤད་རྒྱུ། ཐེངས་གཅིག་སོ་སོས་བཟོས་པའི་མེ་ཤུགས་འཕུར་མདའ་ཞིག་བཏང་དུས། ལམ་ལོགས་སུ་ཕྱིན་ཏེ་རྒྱང་རིང་གི་གཏེར་ཁའི་ཁང་པ་ཞིག་གཏོར་བཅོམ་བཏང་བ་རེད། དོན་རྐྱེན་དེར་ཨ་རིའི་གསང་པའི་ལས་ཁུངས་ཀྱིས་ཁང་པ་བཟོ་བཅོས་གཏོང་ཆེད་སྒོར་ཉིས་ཁྲི་ལྔ་སྟོང་ཕུལ། ཡིན་ནའང༌། གསར་ཤོག་གི་མདུན་གནས་ཚུལ་ཐོན་པ་ནི། ས་ཁུལ་འདིར་རྡུལ་ཕྲན་མཚོན་ཆ་ཞིག་གསང་པའི་ངང་ཚོད་ལྟ་བྱས་འདུག་ཅེས་བཀོད་འདུག

ཧྥུ་རན་ཁུ་ ཧོ་ལོ་བྷར་གྱི་བུ་མོ་ཇུ་ལེའེ་ ཧོ་བྷར་མགྲོན་པོ་ཚོ་དང་ལྷན་དུ་བཞུགས་འདུག ཡིན་ནའང༌། མོས་གཏམ་བཤད་གནང་ཡོད་མེད་ཤེས་རྟོགས་མ་བྱུང་ལ། ང་ཚོ་དགོང་ཟས་ཐོག་ལྷན་འཛོམས་བྱུང༌། གྲོང་ཁྱེར་ཀ་ལི་ཀ་ཏའི་ནང་ཨ་རིའི་གསང་པའི་ལས་ཁུངས་ལ་འབྲེལ་གཏུགས་བྱེད་མཁན་ཁུ་ལེལ་ ཁཱ་ཐེལ་གྱི་བུ་མོ་ལེ་ཟ ཁཱ་ཐེལ་ཡང་ཕེབས་འདུག མོ་དུས་ཚོད་གཅིག་ལའང་དལ་ལྷོད་མེད་པར་གྲོས་ཚོགས་འཐུས་མི་ཨུ་སྒྲལ་གྱི་ལས་བྱེད་ཚོ་དང་ཁེན་ཁི་ནུ་སུའི་མཉམ་མཛད་སྒོ་་འདིར་གོ་སྒྲིག་རོགས་རམ་གནང་བ་དང༌། མོས་བོད་ནང་ཨ་རིའི་གསང་པའི་ལས་ཀ་ཞེས་པའི་གློག་བརྙན་བཟོ་བསྐྲུན་ཆེད་བྲེལ་འཚབ་ངང་རེད་འདུག

ཁོ་ལོ་རཱ་སྒྲོའི་བོད་རིགས་མཐུན་ཚོགས་ཀྱི་མི་སྣ་དང་བོད་མི་གཞན་ཞིག ད་དུང་དགེ་འདུན་པ་གཉིས་བཅས་ཀྱིས་བོད་རང་བཙན་འཐབ་རྩོད་པ་ཚོས་རང་སྲོག་བློས་བཏང་གི་མཛད་རྗེས་སྐོར་ལ་སེམས་འགུལ་ཐེབས་པའི་གསུང་བཤད་གནང༌། ཆུ་བཞི་སྒང་དྲུག་གི་འགོ་ཁྲིད་གཞོན་པ་ཞིག་དང་ཀརྨ་རྣམ་རྒྱལ་གྱིས་གསུང་བཤད་གནང་དོན། ཁོང་ཚོའི་སྐབས་དེར་ལས་གཞི་འདི་ཅི་འདྲ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་དོན། ལྡུམ་ར་འདིར་དམག་སྦྱོང་གནང་བའི་ཁོང་ཚོའི་སྙིང་སྟོབས་དང་རང་ཉིད་བློས་བཏང་གི་མཛད་རྗེས་དེས་ནམ་ཡང་ང་ཚོར་སེམས་ཤུགས་ཤིག་སྤྲད་ཡོད། རྒྱ་མིས་བོད་མིར་གདུག་རྩུབ་ཆེན་པོས་བཙན་གནོན་བྱས་ཏེ་མི་ལོ་ལྔ་བཅུའི་རྗེས་སུ་ཡང༌། ད་དུང་བོད་མི་ཚོས་དུས་རྒྱུན་རྒྱ་མིར་འཐབ་རྩོད་བྱེད་བཞིན་ཡོད། གལ་སྲིད། རྒྱ་མིར་དམག་འཁྲུག་བྱེད་དགོས་པའི་དུས་སྐབས་ཤིག་བྱུང་བ་ཡིན་ན། བོད་མི་ཚོར་གྲ་སྒྲིག་ཨང་གསར་ཡིན་ཞེས་ཀརྨ་ལགས་ཀྱིས་གཏམ་བརྗོད་བྱས།

ཁེན་ ཁུ་ནུ་སུ་ལ་གཏམ་བཤད་དེ་དག་གིས་སེམས་འགུལ་ཐེབས་ཏེ་ཡང་བསྐྱར་མི་ཚོགས་ལ་གསུང་དོན། འདི་ནི་མྱ་ངན་འདས་མཆོད་ཅིག་མ་རེད། འདི་ནི་མི་ལོ་ལྔ་བཅུའི་སྔོན་ནས་འགོ་འཛུགས་བྱས་པའི་འཐབ་རྩོད་ཀྱི་རྒྱུན་མཐུད་པ་ཞིག་རེད་ཅེས་གསུངས། མི་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་གཏམ་བཤད་གནང་བ་དང༌། དེ་དག་ཉོབ་སྣང་སྐྱེ་གཞི་ཞིག་མ་ཡིན་པར་སེམས་ཤུགས་འཕེལ་ཞིང༌། སྤྲོ་སྣང་ལྡན་པ་ཞིག་ཡིན་པས་ང་རང་ཧང་སངས་བྱུང༌།

སྔར་བྱུང་གི་མཛད་རྗེས་དྲན་གསོ་དང་གཏམ་བརྗོད་དེ་དག་གིས་ས་ཆ་འདིར་སྦྱོང་བརྡར་ཐོབ་པའི་བོད་མི་ཚོ་བོད་ནང་དམག་འཁྲུག་ཁྲོད་སྐུ་སྲོག་ཤོར་བར་གདུང་སེམས་དང་རང་ཉིད་ཀྱི་སེམས་ནང་ཁོང་ཚོར་འབྲེལ་མཐུད་བྱུང་བ་ལྟར་མངོན། གཏམ་བཤད་དེ་དག་གིས་བོད་ཀྱི་གླིང་སྒྲུང་ནང་གི་དཔའ་བོའི་ངར་སྒྲ་ལྟ་བུའི་གསོན་ཉམས་དང་ནུབ་གླིང་གི་དཔའ་བོའི་གཏམ་རྒྱུད་ཀྱི་སྣང་བ་ཞིག་བྱུང༌། གཅིག་བྱས་ན་ང་རང་གིས་དཔེ་མཚོན་བཀོད་པ་ཚ་དྲགས་སྲིད་མོད། ཡིན་ནའང༌། ང་ལ་ཧ་ཅང་སེམས་འགུལ་ཐེབས་སོང༌།

ངས་ཀྱང་གཏམ་བརྗོད་མདོར་བསྡུས་ཤིག་བྱས་པ་ཡིན། ངའི་བཟའ་ཟླའི་ཕ་ལགས་བཀའ་ཟུར་ལྷ་མོ་ཚེ་རིང་ལ་གུས་ཞབས་དང་དྲན་རྟེན་ཞུ་བར་ང་རང་འདིར་ཡོང་བ་ཡིན། ཁོང་ལ་དམག་སྒར་ཧཱལ་དུ་སྦྱོང་བརྡར་ཐོབ་པ་དང༌། གློ་སྨོན་ཐང་དམག་གི་སྒྲིག་འཛུགས་དང་ང་ཚོའི་གསང་པའི་ལས་ཁུངས་ཀྱི་འགོ་ཁྲིད་བྱས་ཡོད། ངའི་བཟའ་ཟླ་དང་མོའི་ཨ་མ་གཉིས་ཀྱིས་ཆེད་དུ་ང་ལ་ཁ་བཏགས་དང་སྤོས། དར་ལྕོག་སོགས་མཛད་སྒོ་འདིར་བསྐུར་ཡོད། རང་ཉིད་དམག་སྒར་ཧཱལ་འདིར་དམག་སྦྱོང་མ་ཐོབ་ཀྱང༌། ང་རང་གློ་སྨན་ཐང་གི་དམག་འཛུགས་ནང་ཞུགས་སྐབས། ཧཱལ་དམག་སྒར་ནང་སྦྱོང་བརྡར་ཐོབ་པའི་བོད་མི་མང་པོ་ངའི་གྲོགས་པོ་ཡིན། ཁོང་ཚོའི་གྲས་སུ་འདས་གྲོངས་ཕྱིན་པའི་ནང༌།  དེ་སྔོན་ང་ཚོའི་མཉམ་དུ་ཁང་པ་གཅིག་ནང་བསྡད་མྱོང་མཁན་སྡེ་དགེ་གཡུ་ཚ་ཚང་གི་བུ་གཅིག་ཡོད་ལ། ཁོང་ནི་ངའི་ཆོས་གྲོགས་དང་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ངེད་གཉིས་ཀྱི་རྩ་བའི་བླ་མ་ཡིན། བཀྲ་ཤིས་ཆུང་ཆུང་ཁོང་ནི་སྐུ་གཟུགས་ཆུང་ཤོས་ཡིན་མོད། ཡིན་ནའང༌། ཧ་ཅང་སྙིང་སྟོབས་ཆེ་ཤོས་རེད། འདི་འདྲའི་མི་རྒོད་པོ་ཞིག་ངས་གློ་སྨན་ཐང་ནང་རྩ་བ་ནས་མཐོང་མྱོང་མེད།

ངས་དམིགས་བསལ་གླེང་འདོད་པ་ནི་སྙེ་མོ་པ་སངས་ལགས་ཡིན། ཁོང་ནི་ལྷ་སའི་གྱེན་ལངས་སྐབས་འཐབ་རྩོད་བྱས་པ་གཅིག་པུ་མ་ཡིན་པར། ཇོ་ཁང་མདུན་དུ་གྱེན་ལངས་བྱེད་སྐབས་ཀྱི་གཙོ་བོའང་རེད་ལ། ཁོང་བཙན་བྱོལ་དུ་ཕེབས་ཏེ་ལྡུམ་ར་འདིར་དམག་སྦྱོང་ཐོབ་པ་དང༌། བོད་ནང་གནམ་མཆོངས་བྱེད་མཁན་མཐའ་མ་དེའང་རེད། ཁོང་གི་སྐོར་ཁག་ཚང་མ་མེད་བརླགས་སུ་ཕྱིན་པ་དང༌། ཁོ་རང་འཛིན་བཟུང་གཅར་རྡུང་དང་འདྲི་རྩད་བྱས་མཐར་མི་ལོ་བཅོ་བརྒྱད་ཀྱི་ཁྲིམས་ཐག་བཅད། རྡ་རམ་ས་ལར་ང་རང་ཁོ་དང་ཞིབ་འདྲིས་བྱུང༌། ངས་ཁོང་ལ་བཅར་འདྲི་དང་གོ་སྐབས་ནམ་ཡོད་ལ་ཁོང་དང་མཉམ་དུ་ཁ་བརྡ་བྱས་པ་ཡིན། བཙོན་ཁང་ནང་ཁོང་གི་འཕྲོད་བསྟེན་སྐྱོ་བོ་ཆགས་འདུག ཁོང་ནི་མེ་ལོ་གཱན་ཇི་སྨན་རྩིས་ཁང་གི་འོག་ཏུ་རང་བཙན་ལུས་སྦྱོང་ཁང་ཞིག་ཡོད། ང་ཚོ་དང་མཉམ་དུ་ལུས་རྩལ་སྦྱོང་མཁན་བོད་པ་རྒན་རབས་པ་གཅིག་པུ་དེ་རེད།

འདས་པའི་ལོ་དེ་དག་ནང་ཁོང་ལ་སྡུག་བསྔལ་མནར་གཅོད་བྱུང་བར་བློ་འགྱོད་མེད་པར། ཁོས་འཐབ་རྩོད་གནང་བ་དེ་ནི་དྲང་བདེན་ཆེད་ཡིན་པར་ཡིད་ཆེས་གནང་བཞིན་འདུག རང་བཙན་དོར་ཏེ་རང་སྐྱོང་རྩོད་པ་དེར་ཁོང་ཐུགས་ཕམ་བྱུང་འདུག་ལ། ལོ་ཁ་ཤས་ཀྱི་སྔོན་རྒྱ་ནག་ནང་བོད་རྒྱ་ཞི་མོལ་ཚོགས་པ་ཁ་སྐྱེངས་བཟོས་པའི་རྗེས་ང་རང་ཁོང་དང་མཇལ་འཕྲད་བྱུང༌། པ་སངས་ལ་ན་ཚ་བྱུང་སྟེ་ཉལ་སའི་ནང་ལྷུང་འདུག་མོད། ཡིན་ནའང༌། ཁོང་ཡར་བཞེངས་ཏེ་གནས་ཚུལ་དེའི་སྐོར་ང་ལ་གསུང་དོན། བོད་གཞུང་གིས་རྒྱ་མིའི་བསམ་བློ་གཏོང་སྟངས་མཁྱེན་གྱི་མི་འདུག ཁོང་ཚོས་ག་འདྲ་སྙན་པོ་བཤད་ནའང༌། ཁོང་ཚོའི་སྐད་ཆའི་རྒྱབ་ལོགས་ཀྱི་ལྟ་བ་དེ་རྩ་བ་ཉིད་ནས་མ་བརྗེད་པར་བྱེད་དགོས། ང་རང་གི་བསམ་ཚུལ་འདི་ཡིན་ལ། ཁྱེད་རང་ལའང་དེ་དགོས་པ་བྱོས།  དེ་ལྟར་བསམ་ཚུལ་གསུངས། ངས་ཚོད་དཔག་བྱས་པ་ཡིན་ན། ཁོང་གིས་མི་ཚེ་མང་ཤོས་ལྷ་སར་འཚོ་བ་བསྐྱལ་པ་དང༌། ང་དགུའི་ལོར་ཁོང་གི་ཚེ་སྲོག་དང་མཉམ་དུ་གྲོང་ཁྱེར་སྲུང་སྐྱོབ་གནང་བ་རེད། དགུང་ལོ་ ༨༠ ཐོག་ཟླ་ ༣ ཚེས་ ༢༥ ཉིན་སྐུ་གྲོངས་འདུག

འཐབ་རྩོད་པ་དཔའ་བོ་ཁོང་གི་མཚན་དེ་མི་རྣམས་ལ་ཤེས་རྟོགས་བྱེད་ཐུབ་བྱུང་བར་ང་རང་དགའ་བོ་བྱུང༌། ཁོང་འཚོ་བཞུགས་གནང་ཡོད་ཚེ། ཨ་རིའི་དགེ་རྒན་ཚོས་མཛད་སྒོ་འདི་བཀོད་སྒྲིག་གནང་བར་དགའ་སྤོབས་བྱུང་ཡོད་ངེས། ཁོང་ནི་རང་ཚུགས་བརྟན་པོ་དང་སྐད་ཆ་བཤད་ཕོད་པ། འཛིང་ཕོད་མཁན་ཞིག་རེད། ངས་ཚོད་དཔག་བྱས་པ་ཡིན་ན། ཁོང་དང་ཁོང་གི་འཐབ་གྲོགས་ཚོའི་ཆོད་སེམས་བརྟན་པས་རང་སྲོག་ཨ་རི་གསང་པའི་ལས་ཁུངས་དང་ཨ་མེ་རི་ཀའི་ཆེད་ཕུལ་བ་མ་ཡིན་པར། དེ་ནི་བོད་མི་དམངས་དང་ྋགོང་ས་རྒྱལ་བ་རིན་པོ་ཆེ། སངས་རྒྱས་ཀྱི་བསྟན་པ་དང་བོད་རང་བཙན་ཆེད་ཕུལ་བ་རེད། གལ་སྲིད། བོད་གཞུང་གིས་གོ་སྒྲིག་བྱས་ཏེ་རྡ་རམ་ས་ལར་དཔའ་བོ་དེ་ཚོར་དྲན་གསོ་བྱས་པ་ཡིན་ན་ཁོང་ཐུགས་དགྱེས་ངེས་རེད།

དེ་ལྟར་གྲ་རྒྱས་པའི་མཛད་སྒོ་དེ་མཇུག་བསྡུས་པ་དང༌། ཉིན་གུང་རྒྱབ་ཏུ་ང་ཚོས་གྱང་ཤུལ་ལྷག་ལུས་རྣམས་གཞི་གཅིག་ཏུ་སྤུངས་ཏེ་བསང་ཁྲི་བཟོས་པ་ཡིན། ཕལ་ཆེར་གྱང་ཤུལ་དེ་སྔོན་གྱི་ཁང་ཆུང་ཞིག་གི་རྩིག་རྨང་ཡིན་པ་འདྲ། ང་ཚོས་བསང་ཁྲིའི་ཐོག་སྤོས་དང་མཁན་པ། སྤ་མ། རྩམ་པ། མར་སོགས་སྤུངས་ཏེ་ལྷ་བསང་ཕུལ་བ་དང༌། དེ་བཞིན་དགེ་འདུན་པ་གཉིས་དང་མི་མང་རྣམས་མཉམ་གཅིག་དུ་འཛོམས་ཏེ་གསོལ་འདེབས་ཞུས་པ་ཡིན། ལྷ་བསང་གི་མེ་ལྕེ་དང་དུ་བ་དགུང་དུ་འཕྱུར་ནས་ནམ་མཁར་དུད་སྤྲིན་འཁྲིགས། དེ་ནི་ཉི་མ་མ་ནུབ་པའི་སྔོན་ཏག་ཏག་རེད་ལ། ང་ཚོས་སྐོར་བ་བྱས་ཏེ་ནམ་མཁར་རྩམ་པ་གཏོར་བ་དང༌། ལྷ་རྒྱལ་ལོ་ཞེས་སྐད་གསེང་མཐོན་པོས་བསྒྲགས།

བསང་གསོལ་རྗེས་ང་ཚོ་ས་ཆ་འདི་དང་ཁ་བྲལ་བ་ཡིན། ཞོད་ཀྱི་གཏེར་ཁའི་གྲོང་བརྡལ་ནང་འཁྱམས་ཏེ་སྤྲིན་པའི་གྲོང་ཁྱེར་གྱི་ཆང་ཁང་འཚོལ་བ་དང༌། 

དུས་རབས་ཕྱེད་ཀའི་སྔོན་ཨ་རིའི་གསང་པའི་ལས་ཁུངས་ཀྱི་སློབ་སྟོན་པ་ཚོས་བོད་མི་སྦྱོང་བརྡར་པ་ཚོ་ཉལ་བའི་རྗེས་རླངས་འཁོར་བཏང་སྟེ་འདིར་ཆང་འཐུང་གར་ཕེབས་པ་རེད། ང་ཚོས་སྤྲིན་པའི་གྲོང་ཁྱེར་གྱི་ཆང་ཁང་མ་རྙེད་ཀྱང་མཐའ་མར་ཁོན་སའེ་ཞེས་པའི་ཆང་ཁང་ནང་ཕྱིན་ཏེ་ཚོགས་ཞུགས་བོད་མི་དང་ཨ་རི་བ་ཉེར་ལྔ་ཙམ་མདུན་ཅོག་གཅིག་གི་མཐའ་བསྐོར་འཛོམས་ནས་ཤ་དང་ཝུ་ཆང༌།  ཨ་རག་སོགས་ལ་རོལ་བཞིན་མཚན་ཕྱི་བོར་གླེང་མོལ་བྱས་པ་ཡིན།


ཞོགས་པ་སྔ་པོར་ངའི་གྲོགས་པོ་བོ་རིན་སུ་མིན་ཐི་དང་ངེད་གཉིས་ཀྱིས་མགྱོགས་ལམ་༨༢ ཐོག་རླངས་འཁོར་བཏང་ནས་རི་བོ་བརྒྱུད་འགྲོ་སྐབས་རང་བཙན་ལ་ཞེས་པ་ཞིག་ཏུ་སླེབས། ལ་དེའི་མཐོ་ཚད་ལ་ཧྥེ་ཁྲེ་ ༡༢༠༩༥ ཙམ་འདུག་ལ། ལ་དེ་ནི་ལྷ་ས་ལས་ཅུང་མཐོན་པོ་རེད་འདུག རང་བཙན་ལ་འདིས་ཁ་སང་གི་མཛད་སྒོ་དེར་བཀྲ་ཤིས་རྟེན་འབྲེལ་བཟང་སོང་སྙམ་པ་བྱུང༌། ལ་རྩེ་ནས་ངས་ཁ་དབུགས་རྔུབ་ཞོར་རང་བཙན་ལ་ཞེས་སྐད་གསེང་མཐོན་པོས་བསྒྲགས་པ་ཡིན།

ནུབ་གླིང་གི་བོད་དྲ་བ།

ཤོག་ངོས་འདི་ཐེངས་ (༡༦༡༠) ལ་བཀླགས་འདུག

ཡར་འཇོག་མཁན་། : རྡེའུ་དཀར།

རྩོམ་པ་པོ། : འཇམ་དབྱངས་ནོར་བུས་བརྩམས། ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

ཡོང་ཁུངས། : ནུབ་གླིང་གི་བོད་དྲ་བ།

 
 མཆན། 
བཀླགས་མང་ཤོས།
 ༅། བླ་མ་གསང་མྱུལ་བ་ཞིག་གི་འདྲ་རིས། (༤༨༠༡)
 ༅། ཨོ་ས་མ་སྦིན་ལ་ཏིན་འདི་འདྲ་ཞིག་རེད། (༤༣༩༣)
 ༅། ལྷིང་འཇགས་མཚན་མོའི་འཆར་སྣང༌། (༤༡༠༣)
 ༅། ༄༅། །བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི། (༤༠༦༣)
 ༅། སུའུ་ཁི་ལན་གྱི་མི། (༤༠༢༨)
 ༅། ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ལོ་རྒྱུས་གནད་བསྡུད་སྲིད་དོན་གྲུབ་པའི་དགའ་སྟོན་སྔ་འཕྲོ། (༣༩༩༡)
 ༅། མི་ཚེ་ནང་གི་ལམ་སྒྲོན་གསུམ། (༣༨༢༤)
 ༅། བོད་གདོད་མ་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན། (༣༢༨༣)
 ༅། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཕྲུལ་སྒྲ་(Twitter)དྲྭ་གནས་སུ་ཕེབས་པ། ༢  (༣༡༤༢)
 ༅། སེམས་གཏམ་དམར་ལྡང་མ།  (༣༠༦༡)
མཆན་མང་ཤོས།
 ༅། མི་ཚེ་ནང་གི་ལམ་སྒྲོན་གསུམ། (༢)
 ༅། ༄༅། །བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི། (༢)
 ༅། བླ་མ་གསང་མྱུལ་བ་ཞིག་གི་འདྲ་རིས། (༢)
 ༅། རོ་མེའོ་དང་ཇུ་ལིཀྲི། འཁྲབ་སྟོན་གཉིས་པ། ༼ལེའུ་གཉིས་པ།༽ (༡)
 ༅། སུའུ་ཁི་ལན་གྱི་མི། (༡)
 ༅། འཚེ་མེད་ཞི་བའི་སྲིད་བྱུས་རྒྱུན་མཁྱོངས་དང་རྩ་འཛུགས་གནང་རོགས།  (༡)
 ༅། གཞིས་ལུས་བོད་མི་ཞིག་གི་མིག་ཆུ། (༡)
 ༅། མ་འོངས་ལུང་བསྟན་དང་། ལྷ་སའི་ཨ་ལྕག (༡)
 ༅། ལྷིང་འཇགས་མཚན་མོའི་འཆར་སྣང༌། (༠)
 ༅། རོ་མེའོ་དང་ཇུ་ལིཀྲི། འཁྲབ་སྟོན་དང་པོ། ༼ལེའུ་དང་པོ།༽ (༠)

 

2010©རང་དབང་དྲ་གནས།   གློག་འཕྲིན ཿ rangwang@gmail.com